藏文解说

ཀུན་སྣང་ཁྱབ་པའི་མཉེན་ཆས་རིན་མེད་ཐོག་ཤར་གཏོང་བྱས་པའི་གསལ་བརྡ།


རི་བོ་གངས་རྒྱལ་ཏི་སེེ་འགོ་ཁུངས་སུ་བྱས་པའི་ཁ་འབབ་ཆུ་བོ་རྣམ་བཞིའི་རླབས་རྒྱུན་གྱིས་ཨེ་ཤ་ཡའི་སྣོད་བཅུད་ཟུང་གི་ས་གཤིས་སྣུམ་པོ་བརླན་པར་བྱས་ཤིང་ནང་གནས་ཚེ་སྲོག་གི་ཟུངས་སྟོབས་སྐྱེད་པའི་མཐུན་རྐྱེན་དུ་སོང་ཡོད་པ་ཇི་བཞིན། ཡུལ་དབུས་ཞང་ཞུང་རྒྱལ་ཁམས་དཀྱིལ་སྙིང་དུ་བྱས་པའི་ཞང་བོད་མི་རིགས་དང་ལོ་ཟླ་བསྐལ་པ་རིང་མོ་ས་ལ་ཆགས་པ་ནས་བཟུང་མཉམ་འདྲིས་མཉམ་གཤིབས་སུ་འགྲོགས་ཡུན་རིང་བའི་ཤན་སྟོབས་ཀྱིས་རིགས་རྒྱུད་འདི་ཡི་འཚོ་བའི་གཤིས་ལ་འབྱར་ཞིང་རྒྱུད་ལ་གོས་པའི་ཆོས་རིག་རྙིང་པ་གཡུང་དྲུང་བོན་གྱི་ལྟ་གྲུབ་རིག་གནས་དང་བཅས་པ་འདི་ཉིད་ཀྱིས་ཁྱིམ་མཚེས་རྒྱ་དཀར་ནག་དང་། ཁྲོམ་སྟག་གཟིག་གཙོས་པའི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོའི་མི་ཡི་བསམ་བློའི་འཁྱེར་སོ་དང་བསམ་སྤྱོད་ཀྱིས་བསྐྱེད་པའི་ཆོས་དང་རིག་གནས་སོགས་ལ་སྒོ་ཀུན་ནས་ཤོག་བུར་སྣུམ་གྱིས་ཟིན་པ་བཞིན་ཤན་སྟོབས་ཀྱིས་བཟུང་ཡོད་པའི་བཤད་ཕྱོགས་ལ་མཁས་པ་མང་པོའི་ཞལ་བཞེས་གནང་མོས་བཞིན།  བོད་རང་ས་ནས་བྱུང་བའི་བོན་ཆོས་འདི་ཉིད་བོན་གྱི་ཤེས་རིག་གི་དཀྱིལ་སྙིང་ཡིན་པའི་ཡུལ་དབུས་ཞང་ཞུང་ནས་འབབ་པའི་ཆུ་བཞིའི་བཞུར་རླབས་དང་བསྡོངས་ནས།ཡུལ་ཚན་མི་གཅིག་པའི་ཐ་གྲུ་རྒྱལ་ཁམས་མང་པོར་མཆེད་སྤེལ་དུ་སོང་ཞིང་།  འཚོ་སྟངས་མི་མཐུན་པའི་མི་རིགས་འདྲ་མིན་གྱི་ལྟ་གྲུབ་དང་ཀུན་སྤྱོད་ལ་སིམས་འཛུལ་བྱུང་བ་དང་། ངོ་བོ་དང་རྣམ་པ་མི་འདྲ་པའི་ཤེས་རིག་གང་མང་ལ་དངོས་བརྒྱུད་ཅི་རིགས་ནས་ཉེར་རྒྱུ་དང་ལྷན་གཅིག་བྱེད་རྐྱེན་དུ་སོང་ཡོད་པར་དོན་དངོས་སུ་གྲུབ་ཡོད། དར་རྒུད་གཉེར་རིས་བརྩེགས་པའི་དུས་ཀྱི་འགྱུར་ལྡོག་གམ་ལོ་རྒྱུས་ཆུ་ཀླུང་རིང་མོའི་རླབས་ཤུགས་འཕྱུར་བའི་རྦ་ཀློང་ཁྲོད་ན་ཀོ་གྲུ་བཞིན་གཡེང་བའི་བོན་བསྟན་འདི་ཉིད་སྐབས་འགར་རྐྱེན་ངན་གྲོགས་ཤར་གྱིས་རང་གཞིས་ནས་རྒྱང་འདེད་བྱས་པས་དབལ་སོ་གངས་ཀྱི་གདུལ་ཞིང་ལས་ཕར་ཕར་བརྒལ་ཏེ་མི་རིགས་གཞན་གྱི་སྤྱི་ཚོགས་སུ་གནས་གཞི་གསར་འཛུགས་ཀྱི་གླགས་རྙེད་ཅིང་མཆེད་སྤེལ་བྱེད་པའི་དབུ་ཟུགས་པ་དང་། ལན་རེར་རང་ས་རང་མལ་དུ་ཆགས་འཇིག་བོར་གཏོར་གྱི་དཀའ་སྡུག་གང་མང་ལ་འཕྲད་ཅིང་རྡུང་རྡེག་ཚ་གཅུན་གྱི་དོ་ཕོག་ཅི་རིགས་མྱོང་པའི་བརྒྱུད་རིམ་ནས། གྲི་གུམ་བཙན་པོས་མཐའ་ནས་མཐའ་རུ་སྤྲད་པའི་ངལ་བ་བླངས་ཤིང་། ཁྲི་སྲོང་ལྡེ་བཙན་གྱིས་མེ་ལྷར་ཞུགས་འབུལ་བྱེད་པའི་ལས་ཀ་བསྟར་བ་མ་ཟད། རིག་གནས་གསར་བརྗེ་ཡིས་ཀུན་གཞི་བརྗེ་སྤོ་བགྱི་བའི་བྱ་བ་བརྩམས་ཀྱང་། ད་དུང་ནང་སེམས་ལ་དུད་དྲེགས་བཞིན་གཤིས་སུ་གོས་ཡོད་པའི་མི་རིགས་ཀྱི་དཔའ་བོ་ངོ་མ་འམ་བསྟན་པ་འཛིན་པའི་སྐྱེས་ཆེན་ཚོས་འགྲོ་བའི་སྤྱིར་ནོར་དམ་པ་འདི་ཉིད་གདུལ་བྱ་ཐུན་མོང་གི་བགོ་སྐལ་དུ་རྒྱུན་ཆགས་སུ་གནས་ཤིང་ཕ་ནོར་བུ་ལག་ཏུ་བཞག་པའི་ངལ་བ་ལྷུ་རུ་བླངས་ནས་གཅེས་སྲོག་དོ་བསྡོས་ཀྱིས་སྲུང་ཉར་མཛད་ཅིང་ཕྱི་རབས་སྒང་པ་བོད་ཀྱི་སྤྱོད་སྐལ་དུ་བརྒྱུད་སྤྲོད་མཛད་པ་ནི་རྩོལ་མེད་ལྷུན་འགྲུབ་ཀྱིས་བྱུང་བ་ཞིག་མིན་པར་དཀའ་ཚེགས་རྔུལ་ཆུ་རློན་པའི་གྲུབ་འབྲས་ཉག་གཅིག་ཡིན་པ་རྗེས་རབས་ངེད་ཚོས་རྟོགས་དགོས་པའི་གནས་ལུགས་ཤིག་གོ།།  དེ་ལྟར་དུས་རབས་རིམ་བྱུང་ནང་སྔོན་གཤེགས་མཛངས་མི་ཚོའི་བློ་གྲོས་ཀྱིས་བསྐྲུན་པའི་ཡིག་ཚགས་བོང་ཚད་གཏོས་ཆེ་བའི་གཅེས་ནོར་འདི་རྣམས་སྐབས་བབས་སུ་ཉར་ཚགས་དང་ད་ལྟའི་དུས་རབས་སུ་རྐང་འཛིན།  འབྱུང་གྱུར་མི་རབས་ཕྱི་མར་བརྒྱུད་སྤྲོད་བྱེད་པ་ལ། ཁ་སྒོ་མེད་ལས་གཏམ་ཚོད་མེད་བཤད་པས་འཐུས་པ་ཞིག་དང་དགའ་ཧོའི་རྡོ་སྲེག་གི་གླེན་ཚུགས་བྱེད་པའི་ཡོང་བ་ཞིག་མ་ཡིན་པར་ཡུལ་དུས་འཁོར་ཕྱོགས་ལ་དཔྱོད་གྲུང་གི་མིག་དབང་སྤྱད་སྟེ་བསྟན་རྒྱུན་སྤེལ་བའི་བྱ་བར་འཇུག་དགོས་པ་མ་ཟད་སྔོན་འགྲོའི་ལས་ཀར་འཇུག་པའི་གདེང་ཚོད་དང་། ལས་ཀའི་བྱ་རིམ་ལ་རབ་རིབ་མག་མོག་གིས་དམིགས་རྣམ་མི་གསལ་བ་མ་ཡིན་པར་གང་བགྱིས་ལས་ཀའི་བྱ་རིམ་སེམས་ལ་ཁྲིགས་ཁྲིགས་སུ་ཡོད་དགོས་ཤིང་། དངོས་གཞིའི་བྱ་བར་ཞུགས་རིང་དཀའ་ཚགས་དང་དུ་ལེན་པའི་སྡུག་རུས་དང་། བྱ་བ་རྒྱུན་སྐྱོང་ཡོང་བའི་ཆོད་སེམས། ལས་ཀའི་དམིགས་རྣམ་འགྲུབ་པའི་དམ་བཅའ་སོགས་ཚང་བ་ཡིན་ན། མཇུག་མའི་གྲུབ་འབྲས་ནི་སུ་ཡིས་སྒྲུན་དུ་མེད་པའི་ཁེ་བཟང་རེག་པ་གོར་མ་ཆག  རྒྱལ་བསྟན་འཕེལ་འགྲིབ་ཀྱི་ཤིང་རྟའི་ཁ་ལོ་གང་དུ་བསྒྱུར་མིན་ནི་སེམས་ཅན་གྱི་ལས་དང་སྨོན་ལམ་ལ་ཆ་ཤས་ཙམ་འབྲེལ་བ་ཡོད་པ་བདེན་དུ་ཆུག་ཀྱང་རྣམ་པ་ཐམས་ཅད་དེ་ལ་ཁག་འགེལ་བྱས་ན་བསྟན་པའི་དབུགས་རྒྱུན་འགག་པའི་རྒྱུ་ཙམ་ལས་གང་ཡང་མིན་པར་ངེས་སྟེ།  དུས་རབས་སྔ་ཕྱི་ནང་བྱོན་པའི་སྐྱེས་ཆེན་གནམ་གྱིས་ས་བཀབ་ལྟ་བུ་རེ་རེ་ཡིས་རྒྱལ་བསྟན་དཀར་འཇམ་ཡུག་ཅིག་ཁོར་ཡུག་ནས་ཁོར་ཡུག་ལ་ཁྱབ་པའི་རླབས་ཆེན་གྱི་མཛད་འཕྲིན་ལ་བསམ་ན་སྐྱེས་བུ་སྒེར་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐབས་དང་ཤེས་རབ་ཀྱི་མཇུག་སྒོ་ཟབ་མིན་ལ་རག་ལས་ཡོད་པར་མྱོང་བ་མངོན་སུམ་གྱིས་གྲུབ་པ་མ་ཡིན་ནམ།  ཚན་རྩལ་བུ་མོས་ས་ཆེན་དལ་གྱིས་སྒུལ་ཏེ་མིའི་སྤྱི་ཚོགས་ཀྱི་ཉེར་སྤྱོད་ཚང་མ་གསར་དར་ཚན་རིག་གི་མྱུར་སྟབས་དང་བསྟུན་ནས་ལས་ཀ་ཕྲ་རགས་ཀུན་སྒྲུབ་ཅིང་བྲེལ་བའི་དུས་རབས་འདིའི་ནང་།ཡུལ་དུས་འཁོར་ཕྱོགས་དང་མཐུན་པར་བསྟན་པ་སྤེལ་བ་ལ་ལྷ་དང་སྲུང་མས་ཆེད་མངག་གི་བཀའ་ཕབ་དང་ལེན་གནང་ནས་བྱོན་པ་དང་དབྱེར་མ་མཆིས་པའི་ཁྱུང་པོ་སྟེང་ཆེན་དགོན་གྱི་ཁྲི་འཛིན་བླ་མ་འོད་ཟེར་སྦྱིན་པ་ཕུན་ཚོགས་རིན་པོ་ཆེའི་རླབས་ཆེན་གྱི་ལས་གཞི་ཁག་ལས་ཆ་ཤས་གཅིག་ནི། བོད་སྤྱི་ཡོངས་ནས་བོན་གྱི་དཔེ་ཆ་རྣམས་དེང་རབས་མི་ཡི་སྟབས་བདེའི་སྤྱོད་སྒོ་དང་མཐུན་པའི་དཔེ་རྒྱུན་འགྲེལ་སྤེལ་བྱེད་ཕྱོགས་ཆེས་ཉུང་བ་དང་། གྲུབ་མཐའ་གཞན་དང་བསྡུར་ན་རྒྱལ་སྤྱི་རྒྱལ་ནང་གི་དཔེ་ཚོང་ཁང་སོགས་ནས་ཚུལ་མཐུན་འགྲེམ་སྤེལ་ཆོག་པའི་བོན་པོའི་ཕྱོགས་ཀྱི་དཔེ་ཆ་ཧ་ཅང་མཐོང་སྣང་དཀོན་པ། བོན་གྱི་སློབ་གཉེར་བ་ཚོར་དཔེ་ཆ་མཁོ་འདོན་གྱིས་མི་འདང་བའི་དཀའ་ངལ་ཡོད་པ། དད་འབངས་མང་ཚོགས་རྣམས་ལ་རྒྱུན་མཁོའི་འདོན་ཆ་རིགས་ཀྱི་ཁེ་སྤོབས་ཅི་ལོན་མ་གཏོགས་གོང་ཚད་འོས་འཚམས་མིན་པའི་ཚོང་འགྲེམ་ཆེ་བ་སོགས་རྗེས་ལུས་དང་འོས་བབ་མེད་པའི་གནས་སྟངས་ཁག་ལ་དགོངས་པ་ཆེད་དམིགས་ཀྱིས་གཟིགས་ནས་སྤྱི་ལོ༢༠༠༢ལོར་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་དབུ་འཛུགས་གྲུབ་པ་ནས་བཟུང་། རྩ་འཛུགས་ལྡན་པའི་ལས་ཀའི་མི་སྣ་ཁྱོན་སྡོམ་ལྔ་བཅུ་ཡས་མས་ཀྱིས་དཀའ་སྡུག་ཆེན་པོའི་མི་ལོ་བཅུ་བཞིའི་རིང་ལ་དེ་སྔར་ཡོངས་ཁྱབ་ཏུ་སྤྱོད་སྐལ་མ་བྱུང་བའི་དཔེ་དཀོན་གང་ཡོད་རྣ་ཐོས་བྱུང་རིགས་མདོ་དབུས་སྟོད་སྨད་ཀྱི་དུད་ཁྱིམ་རེ་རེའི་སྒོ་རྩར་བཅར་ནས་དཔེ་རྙིང་འཚོལ་བསྡུ་དང་རྩ་དཔེ་འཕྲུལ་བཀོག  ཡི་གེ་དག་ཞུས་བྱས་ཤིང་། དང་པོར་བྱ་བ་ཆུང་ཚགས་ནས་མགོ་རྩོམ་པའི་དམིགས་འབེན་ཡིད་ཡུལ་དུ་བཅང་ནས་རྒྱ་ཆེ་དད་འབངས་མང་ཚོགས་ནང་ལ་རྒྱུགས་ཆེ་ཞིང་སྤྱོད་སྒོ་ཡངས་པའི་ཆོ་ག་སྒྲུབ་སྐོར་རིགས་བྲིས་གཟུགས་མི་སྤུས་པ་དང་ཤོག་བུ་ཞིག་རལ་སོང་རྣམས་དེང་རབས་འཕྲུལ་པར་མཐུན་རྐྱེན་གྱིས་ཁ་སྐོང་དང་ཉམས་གསོ་ལེགས་པར་བགྱིས་ཏེ་ཕྱོགས་གང་སར་འགྲེམ་སྤེལ་ཤུགས་ཆེར་བྱས་པས། ཚུར་ལ་མི་དམངས་མང་ཚོགས་ངོས་ནས་ཀྱང་རང་འགུལ་གྱིས་དགའ་བསུ་དང་རྒྱབ་སྐྱོར་བླ་ལྷག་བསྩལ་བྱུང་བ་མ་ཟད་ཕར་ལ་དཔེ་ཆའི་རིན་གོང་དང་། དཔེ་སྤུས། ཁྱབ་ཚད་སོགས་ཕྱོགས་གང་ཅི་ཐད་ནས་སྔར་བྱུང་མྱོང་མེད་པའི་དད་ལྡན་ཕྱོགས་ལ་ཞབས་ཕྱི་བསྐྲུན་ཡོད། རིམ་བཞིན་ལས་ཀའི་བྱ་བ་དངོས་ལ་ཞུགས་ཤིང་བྱ་བའི་ཉམས་མྱོང་གོང་མཐོར་སོང་རིམ་དང་། ལས་ཀའི་མཇུག་འབྲས་རྣམས་བསྟན་འགྲོར་སྨན་པའི་ཕྱོགས་སུ་འགྲོ་བཞིན་ཡོད་པ་ནམ་ལང་ཉི་ཤར་ཡིན་པར་བསྟན་པ་ལ་ཁ་ཞེ་གཉིས་མེད་ཀྱི་ཤ་ཚ་ཅན་གྱི་སྐྱེས་བུ་མི་ཉུང་བས་ལེགས་གསོལ་བསྔགས་བརྗོད་ཀྱི་བཀའ་ལན་བྱུང་བ་དང་། ལས་ཀ་བགྱི་མཁན་གྱི་ངོས་ནས་ཀྱང་དཀའ་ཚེགས་རྔུལ་ཆུ་རློན་པ་དཔྱད་ཞིབ་མྱོང་གསུམ་གྱིས་དཔོག་པའི་དམིགས་འདུན་ལ་གཏོར་བཞིན་ཡོད་པར་མཐོང་རིམ་དང་བསྟུན། ངེད་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཚན་པ་སྔར་མེད་ཀྱི་སྤོབས་པ་དང་ཧུར་བརྩོན་གྱིས་མདུན་ཕྱོགས་སུ་བསྐུལ་ཏེ་གོམ་གང་མདུན་སྤོས་ཀྱིས་ལས་ཀའི་གཞི་རྒྱ་ཇེ་ཆེར་ལ་འཇུས་ནས་བྲིས་སྤུས་ལེགས་གདམ་གྱིས་གྲུབ་པའི་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་པོད་གྲངས ༡༡༠ ཐམ་པ་ཉིས་སྟོང་དགུ་ཡི་ལོ་ལ་དཀའ་སྡུག་ཨམ་གཙིགས་རང་བསྡམས་ཀྱི་བརྒྱུད་རིམ་ནས་ལེགས་གྲུབ་བྱུང་ཏེ་རྒྱལ་ཕྱི་རྒྱལ་ནང་དང་མདོ་དབུས་སྟོད་སྨད་གང་སར་ཁྱལ་བདལ་དུ་བཀྲམ་ཐུབ་པར་བྱུང་ཡོད་ཅིང་། ཡོངས་ཁྱབ་ལ་བྲིན་རྒྱུག་ཆེ་བའི་རྐྱེན་གྱིས་དཔར་ཐེངས་དང་པོས་མ་འདང་པའི་གནས་ཚུལ་འོག་སྔ་ཕྱི་དཔར་ཐེངས་གསུམ་དུ་བསྐྱར་དཔར་གྱིས་རྒྱ་ཆེ་བོན་སྤྱོད་མཁན་རྣམས་ཀྱི་མངོན་འདོད་ལེགས་པར་བསྐངས་ཡོད།  དེ་ལྟར་ཐེག་པ་རིམ་འཛེགས་ཀྱིས་སླར་ཡང་གཡུང་དྲུང་བོན་གྱི་རྒྱལ་བའི་བཀའ་རིན་པོ་ཆེ་དག་བཞེངས་ཆེད་དུ་མི་ལོ་བཅུ་ཕྲག་གཉིས་ལ་ཉེ་བའི་རིང་དུ་དཀའ་ཚེགས་ལག་ལྟར་བགྱིས་པའི་མྱོང་འབྲས་སྨིན་ཏེ་སྤྱི་ལོ༢༠༡༤ལོར་སྔར་ཆོད་ཡོངས་གྲགས་ཡིན་པའི་རྒྱལ་བའི་གསུང་རབ་རྣམས་གཞིར་བྱས་ཐོག་གསར་དུ་བཙལ་འཚོལ་གྱིས་རྙེད་དོ་ཅོག་ཁྱུང་ལུགས་ཁྲ་བྲིས་ཀྱི་ཡིག་གཟུགས་གཅིག་སྒྱུར་བྱས་པའི་པོད་གཟུགས་སུ་འགྲེམ་སྤེལ་ཞུས་ཤིང་དུས་བསྟུན་འཕེལ་རྒྱས་ཆོས་ཉིད་བདེན་པས་རྒྱལ་བའི་བཀའ་ཡི་ཤོག་ལྷེ་གསར་བསྒྱུར་གནང་གྲུབ་པར་བྱས་ཡོད།    དེ་ཉིད་སྤྱི་ལོ༢༠༡༥ ལོར་གསུང་རབ་སྒོ་མཛོད་རིན་པོ་ཆེ་ཞུ་བའི་མཚན་ཐོག་ནས་རྒྱལ་སྤྱི་རྒྱལ་ནང་ལ་འགྲེལ་སྤེལ་ཆོག་པའི་གཞུང་གི་དཔེ་རྟགས་ཚད་ལྡན་ཡོད་པའི་དེབ་གཟུགས་སུ་དཔར་བསྐྲུན་ལེགས་པར་གྲུབ་སྟེ་རྒྱལ་བའི་གསུང་རབ་རིན་པོ་ཆེ་དེང་དུས་ཡོངས་ཁྱབ་ཀྱི་སྤྱོད་སྒོ་ཆེ་བའི་དེབ་གཟུགས་ཀྱི་ཕྱི་རྣམ་དང་བཅས། གབ་སྦས་སྐུང་གསུམ་གྱི་བློ་དོགས་གང་ཡང་མྱོང་མི་དགོས་པར་ཚུལ་མཐུན་གྱིས་ཤར་བསྐྱོད་ཆོག་པའི་དཔང་ཡིག་བསྣམས་ནས་སའི་གོ་ལའི་མདུན་རྒྱབ་ཀུན་ལ་ཁྱབ་པར་བྱས་ཡོད། རིམ་བཞིན་བྱ་བཞག་ཁག་གཅིག་གྲུབ་གཉིས་འཇུ་ཡི་གོམ་སྟབས་རིམ་པར་སྒྱུར་བའི་དཀའ་སྡུག་ཁྲོད་ནས་ད་ཐེངས་ཀྱི་རབ་བྱེད་ནི་ལོངས་སྐུ་ཀུན་སྣང་ཁྱབ་པའི་སྐུ་ཡི་བ་སྤུ་བུ་ག་ཙམ་ལ་ཞིང་ཁམས་རབ་འབྱམས་རྒྱ་མཚོའི་འཕྲིན་ལས་ཚུད་ཅིང་ཕྱག་གི་བུམ་པའི་ཁ་རྒྱན་གྱི་མེ་ཏོག་པདྨའི་གེ་སར་གཅིག་ལའང་མི་མཇེད་སྟོང་གསུམ་འཇིག་རྟེན་ཡངས་དོག་མེད་པར་ཤོང་ཞིང་སྣོད་བཅུད་ཟུང་ལ་ཀུན་ཁྱབ་དུ་གནས་པའི་ཚུལ་ནི་རྒྱུད་ལུང་གིས་གྲུབ་པ་ལྟར་གྱི་འདི་ཡང་མཉེན་ཆས༼ཀུན་སྣང་ཁྱབ་པ༽ལ་རྒྱལ་བའི་བཀའ་འདུས་སོ་ཅོག་དང་བཀའ་བརྟེན་ཡོད་ཚད་པོ་ཐམས་ཅད་ཡངས་དོག་མེད་པར་ཤོང་ཞིང་གསུང་རབ་ལ་འདུན་པའི་སྟོབས་ཀྱིས་འཇུག་པའི་སའི་གོ་ལའི་སྒང་གཤོང་ཀུན་ལ་གནས་གཞི་འཆའ་བའི་སྐྱེ་བོ་ཕོ་མོ་རྣམས་ལ་ཆོས་ལུགས་དང་རྒྱལ་མཚམས་མི་རིགས་སོགས་གང་གིས་རེས་གཅོད་མེད་པའི་སྒོ་ནས་ཀུན་ཁྱབ་དུ་སྤྱོད་སྐལ་ལྡན་པའི་རྟེན་འབྲེལ་གྱི་གནད་ལ་གཟབ་སྟེ་ལོངས་སྐུ་ཀུན་སྣང་ཁྱབ་པའི་མཚན་གཡར་ཞུས་པའི་མཉེན་ཆས༼ཀུན་སྣང་ཁྱབ་པ༽འགྲོ་བ་ཐུན་མོང་ལ་རིན་མེད་སྒོས་ཉམས་ཞིབ་དང་ལྟ་ཀློག་ཐུབ་པར་བརྡ་འཕྲིན་གྱི་ལམ་ནས་མངོན་པར་བྱས་ཡོད།  མཉེན་ཆས་འདིའི་ནང་གསེས་ལ་རྒྱལ་བའི་བཀའ་ཡི་སྡེ་ཚན་དང་།  ཕྱིས་འབྱུང་བཀའ་བརྟེན་གྱི་སྡེ་ཚན།  མཁས་པའི་གསུང་འབུམ་གྱི་སྡེ་ཚན།  ཟུར་བཏོན་དཔེ་ཚོགས་ཀྱི་སྡེ་ཚན་སོགས་གྱིས་གྲུབ་ཡོད་ཅིང་། སྡེ་ཚན་བྱེ་བྲག་རེ་རེའི་ནང་ལ་ཆེད་བཀར་གྱི་སྡེ་ཚན་ཕྱེས་ཡོད།  ད་ཐེངས་བཀའ་ཡི་སྒྲོམ་གཞིའི་ནང་གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་ཆ་ཚང་བཅུག་ཡོད་ཅིང་། བཀའ་བརྟེན་གྱི་སྡེ་ཚན་ནང་ཡི་དམ་གསས་མཁར་མཆོག་ལྔ་གཙོས་པའི་བཀའ་བརྟེན་རྣམས་འཕྲུལ་བཀོག་དང་དག་ཞུས་བྱེད་མུས་ཡིན་ཞིང་མི་རིང་བར་འཇོག་ཐུབ་པའི་རྩིས་གཞི་ཡོད།  གསུང་འབུམ་གྱི་སྡེ་ཚན་ནང་ལ་ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་ཆ་ཚང་དང་ཁྱུང་སློབ་ཚུལ་རྒྱན་པའི་གསུང་འབུམ་ཆ་ཚང་བཞག་ཡོད།  གཞན་ཡང་རྗེ་རིན་པོ་ཆེའི་གསུང་འབུམ་མཚོན་པའི་བོན་གྱི་མཁས་པ་རིམ་བྱོན་གྱི་གསུང་འབུམ་རྩིས་འཕྲུལ་ཐོག་གོག་ཡོད་ཅིང་དག་ཞུས་གྲུབ་པ་རྣམས་ངེད་ཀུན་སྣང་ཁྱབ་པའི་ལས་ཀའི་མི་སྣར་མཐུན་སྦྱོར་རོགས་རམ་གནང་མཁན་བྱུང་ན་བཀའ་དྲིན་ལེགས་གསོལ་དང་བཅས་ལས་ཀ་བགྱིད་མཁན་གྱི་མིང་ཐོ་དང་དཔེ་བསྐྲུན་བྱས་ཕྱོགས་ཀྱི་བརྒྱུད་རིམ་གང་འཁོད་ལ་ཐུག་རེག་མེད་པར་སོར་བཞག་བྱེད་ཐོག་གསུང་འབུམ་སྡེ་ཚན་ནང་འཇོག་པའི་འཆར་གཞི་ཡོད།   གལ་སྲིད་དེ་ལྟར་རོགས་རམ་བགྱིད་མཁན་མ་བྱུང་ན་ཡང་ངེད་ཚོས་ཕྱིས་བྱོན་བོན་གྱི་མཁས་པའི་གསུང་འབུམ་རྣམས་ཡིག་གཏག་དང་ཞུ་དག་གྲུབ་རིམ་བཞིན་སྤྱན་འབུལ་ཞུ་ཐུབ་པར་བྱེད་འཆར་ཡིན།  དཔེ་ཚོགས་ཀྱི་སྡེ་ཚན་ནང་ལ་གཡུང་དྲུང་བོན་གྱི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་ནང་ནས་བོན་གྱི་སློབ་གཉེར་བ་ཚོར་ཆེད་དམིགས་སྦྱང་བྱ་རུ་ཟུར་བཏོན་བགྱིས་པའི་དཔེ་ཚོགས་རྣམས་འཇོག་པའི་རྩིས་གཞི་ཡོད། གོང་ཞུས་ལྟར་དཔེ་ཚོགས་སྒོ་བཞི་མཛོད་ལྔའི་ཡང་བཅུད་ཀྱིས་མཚོན་པའི་དཔེ་ཚོགས་ཁག་འཕྲུལ་བཀོག་ཡོད་རིགས་མཐུན་སྦྱོར་རོགས་རམ་གྱི་བཀའ་དྲིན་བསྩལ་རོགས་ཞུ་རྒྱུ་ཡིན།  སྐོར་ཐེངས་དང་པོར་གོང་ཞུས་བཞིན་རྒྱལ་བའི་བཀའ་གསུང་རབ་སྒོ་མཛོད་རིན་པོ་ཆེ་མཉེན་ཆས་ཀུན་སྣང་ཁྱབ་པའི་གཟུངས་གཞུག་ཏུ་ཕུལ་ཏེ་སྤྱན་བསྟར་ཞུས་ཡོད་ཅིང་རྩ་བའི་གསུང་རབ་ཞུ་དག་བྱེད་ཕྱོགས་དང་།  རྩ་དཔེ་གང་བཞག  དཀའ་སྡུག་ཅི་འཕྲད་སོགས་དང་། བོན་གྱི་བཀའ་འགྱུར་འཚོལ་བསྡུ་བྱས་པའི་བརྒྱུད་རིམ་ནས་སྔོན་ཆད་བཀའ་འགྱུར་ཞུ་སྒྲིག་པ་གང་གིས་རྙེད་སོན་མ་ཐུབ་པའི་དཔེ་དཀོན་ཇི་ཙམ་ཉམས་གསོའི་ཁ་སྐོང་དུ་ལེགས་སྐྱེས་སུ་བསྩལ་ཡོོད་མེད་སོགས་ལ་ཞོགས་འུར་གྱི་དབང་དུ་མ་སོང་པར་ཐུགས་མཉམ་བཞག་སྟེ་བསམ་གཞིགས་གནང་མཁན་ཡོད་ན། ཤ་སྐམ་ལག་སྤྲད་ཚུལ་དུ་རྒྱལ་བའི་བཀའ་རིན་པོ་ཆེའི་དཔེ་བསྡུ་བྱེད་ཕྱོགས་ཀྱི་ངོ་སྤྲོད་ཞིབ་ཅིང་རྒྱས་པ་སྒོ་མཛོད་གཙོ་ཞུས་པ་ར་མ་དགེ་བཤེས་མཁས་དབང་ཀུན་བཟང་རྒྱལ་མཚན་གྱིས་ཞུ་བསྒྲིགས་ཆེད་གླེང་བསྡུས་བརྗོད་ནང་དུ་གསལ་ཡོད་ཕྱིར་དེར་སྤྱན་མིག་གཡོ་བའི་ཁོམ་གླགས་བཙལ་རོགས།    བོན་གྱི་སྡོང་རོགས་བོན་གྱིས་བྱེད་ཅེས་པ་ལྟར། ངེད་གཡུང་དྲུང་བོན་ཀྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་མི་ལོ་བཅུ་ཕྲག་གཉིས་ལ་ཉེ་བའི་རིང་དུ་བཙལ་འཚོལ་བྱས་པའི་དཔེ་རྙིང་ཡོད་རིགས་དང་།  ཞུས་བསྒྲིགས་ཟིན་པའི་རྒྱལ་བའི་བཀའ་དང་བཀའ་བརྟེན་རྣམས་ཞི་མིའི་རྟུག་པ་སར་སྐུང་གི་རྟུལ་ཞུགས་མ་འཛིན་པར། བསྟན་པ་ལ་སྨན་པའི་རླབས་ཆེན་བྱ་བ་གཉེར་མཁན་གྱི་མི་སྣ་ཁག་ལ་མཐུན་སྦྱོར་གནང་བའི་ཚུལ་ཟུར་ཙམ་ཞུས་ན། རྩེ་དྲུག་བླ་མ་མཆོག་སྤྲུལ་བསྟན་འཛིན་འོད་ཟེར་རིན་པོ་ཆེས་བོན་གྱི་བཀའ་འགྱུར་རྒྱ་བསྒྱུར་གནང་བར་མཐུན་རྐྱེན་དུ་ཡིག་གཏག་དང་ཞུ་དག་ཆ་ཚང་གྲུབ་པའི་མདོ་དྲི་མེད་གཟི་བརྗིད་དང་སྐལ་བཟང་སྡེ་ལྔ་མཚོན་པའི་སྒོ་མཛོད་གླེགས་བམ་ཉེར་གསུམ་ཙམ་སྤྲད་ཟིན་ཞིང་རྒྱ་འགྱུར་གྲུབ་རིམ་བཞིན་རྩ་བའི་སྒྱུར་དཔེ་ལ་གསུང་རབ་སྒོ་མཛོད་རིན་པོ་ཆེ་གླེགས་བམ་ཆ་ཚང་སྤྲད་པའི་ཁ་དན་བྱིན་ཡོད་པར་མ་ཟད་ལོ་ངོ་བཅུ་བཞིའི་རིང་ལ་བཙལ་འཚོལ་བྱས་པའི་དཔེ་རྙིང་པོད་སུམ་བརྒྱ་ཙམ་གྱི་དཔར་གཞི་ཕུལ་ཡོད།  དེ་བཞིན་འགོ་བ་དགེ་བཤེས་བསྟན་འཛིན་འབྲུག་གྲགས་ཀྱིས་བོན་གྱི་ཚིག་མཛོད་བསྒྲིག་པའི་མཐུན་རྐྱེན་ལ་བཀའ་བརྟེན་འགྱུར་འཕྲུལ་བཀོག་གི་ཞུ་དག་གྲུབ་པའི་གླེགས་བམ་དྲུག་ཅུ་ལ་ཉེ་བ་མཐུན་སྦྱོར་བྱས་ཡོད་ཅིང་། ད་དུང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་གླིང་གཙོ་མཁས་དབང་སྟོང་སྐོར་ཚེ་རིང་ཐར་མཆོག་ལ་ཡུན་རིང་བཙལ་འཚོལ་གྱིས་རྙེད་པའི་དཔེ་རྙིང་སུམ་བརྒྱ་ཙམ་མཐུན་སྦྱོར་བྱས་ཡོད།  རྩེ་དྲུག་དཔོན་སློབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་གཙོ་འགན་བཞེས་པའི་བོན་གྱི་བཀའ་འགྱུར་གསེར་བྲིས་སུ་བཞེངས་པའི་རྩ་དཔེ་གསུང་རབ་སྒོ་མཛོད་རིན་པོ་ཆེར་བྱེད་བཞིན་ཡིན་པ་དང་།  དེ་ལྟར་ལས་རིགས་ཁག་དང་མཁས་དབང་རྣམ་པས་ད་བཞུགས་ཀྱི་བཀའ་འགྱུར་སྔ་ཕྱི་དཔར་བའི་ནང་ནས་ཁ་ཚང་ཤོས་དང་སྤུས་དག་ཤོས་ཤིག་ཏུ་ཆེ་མཐོང་གནང་གི་ཡོད་པ་དང་། དེ་ལྟར་ཡིན་པའང་དུས་ཚོད་དང་མཐུན་རྐྱེན་དཀའ་ཚེགས་གང་གི་ཕྱོགས་ནས་ཡར་སྐྱེད་ཡོང་དགོས་པའི་ཆ་ཅན་གྱིས་དངོས་ར་སྤྲད་ཡོད་ཅིང་དཔལ་འབྱོར་གྱི་ཕྱོགས་ནས་ཤོག་སྒོར་ཁྲི་ཚོ་སྟོང་ཕྲག་ལས་བརྒལ་བའི་འགྲོ་གྲོན་བཏང་སྟེ་ཚེ་ལུས་ལོངས་སྤྱོད་དང་བཅས་པ་འདིའི་ཆེད་དུ་ཕུལ་ཡོད་ཅེས་བརྗོད་ཀྱང་ཆོག    བྱ་བ་འདིར་སྔ་ཕྱི་བར་གསུམ་དུ་ལེགས་ཉེས་བསམ་འཆར་ཚུལ་བཞིན་འདོན་མཁན་ཚོའི་གཏམ་ལ་ངེད་དཔེ་བསྒྲིགས་ཚན་པས་ངོས་ནས་ཚོགས་པ་ཞིག་གིས་ཁུར་དགོས་པའི་འགན་འཁྲི་འཕྲག་ལ་གཟར་ཏེ་གཟབ་ནན་གྱིས་མཉམ་འཇོག་ཟབ་མོ་བྱས་པ་དང་གནད་སྟོན་གྱི་བསམ་འཆར་དག་ལས་ཀའི་ཐབས་ལམ་སྟོན་པ་ལ་སྨན་པོ་བྱུང་བས་བཀའ་དྲིན་སྙིང་དབུས་ནས་ཆེ་ཞུ་རྒྱུ་ཡིན།  འོན་ཀྱང་བསྟན་པའི་ལས་དོན་སྒྲུབ་པ་ལ་འཚེ་བ་རྩོམ་མཁན་ཕྱི་ནས་མ་ཡིན་པར་ནང་གི་ལྷ་སྡང་བདུད་དུ་བབས་པའི་སྐྱེ་བོ་ཉུང་ཤེས་ཀྱིས་ཀུན་སློང་ངན་པས་དོན་མེད་ཀྱི་གླེང་གཞི་བཟོ་བ་དང་།  བྱ་བ་ལམ་ལྷོང་ཡོང་བ་ལ་བར་ཆོད་བརྩམས་པ་སོགས་མདོར་ན་ལས་ཀའི་འཇུག་འབྲས་བཀའ་དང་བཀའ་བརྟེན་ཆ་ཚང་ཞིབ་ཀློག་ཚར་རེ་བྱས་ཏེ་བསམ་འཆར་འདོན་རྒྱུ་ལྟ་ཞོག་ཐ་ན་དཀར་ཆག་དང་ཞུས་སྒྲིག་པའི་གཏམ་གླེང་ཙམ་ལ་བལྟ་ལོང་མེད་པར་རྨོངས་ཚོད་ཀྱིས་གླེང་སློང་འདྲ་མིན་བྱུང་བ་རྣམས་ངེད་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཚན་པ་མདུན་སྐྱོད་ཀྱི་གཉའ་གཅོག་པའི་རྒྱུ་རུ་མ་སོང་ཡང་། འདི་ལྟ་བུའི་ནང་ཁུལ་དུ་གཅིག་རྒྱབ་གཅིག་སྐྱོར་མེད་ཁར་རང་མགོ་རང་བརྡུངས་བྱེད་པའི་ངན་པ་རྒྱུན་འབྱམས་འདིས།  བོན་པོ་སྤྱི་ཡི་དབུ་འཕང་དམའ་རུ་བཅུག་འདུག་བསམ་ཏེ་ཞེ་སྨྲེང་ཙམ་བྱུང་།   མཐའ་དོན་དུ་དེ་རིང་གི་གྲུབ་འབྲས་ལེན་པ་ལ་བརྩོན་སེམས་ཀྱི་སྙིང་ཕུར་ཡང་ཡང་རྡེབ་མཁན་གོང་འོག་བླ་མ་དགེ་བའི་བཤེས་གཉེན་རྣམ་པ་དང་གཏོང་ཕོད་ཀྱི་གསེར་ལག་རིང་པོར་རྐྱོང་བའི་རྒྱ་ཆེ་བོན་འབངས་ཡོངས་ལ་བཀའ་དྲིན་ཐུགས་རྗེ་ལེགས་གསོལ་དང་སྦྲག་བཀྲ་ཤིས་བདེ་ལེགས་ཞུ་ཞུ།

ཞེས་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་དུ་བྱ་བ་ཆ་ཤས་ཙམ་བླངས་མྱོང་བའི་དགེ་བ་ཅན་དགེ་བཤེས་གཡུང་དྲུང་སེམས་དཔས་བྲིས།

                         

མཐོང་མྱོང་གི་བཤད་པ་སྙན་སྦུག་གསོང་འདྲེན།

ཇི་སྐད་དུ།   སྣང་བ་ཟད་ཆད་འགག་པ་མ་ཡིན་ཏེ།   འབྱུང་བའི་ཕུགས་དང་གྲོལ་མཐའ་འདི་ལ་ཐུག     ཟད་མེད་འགག་མེད་དུས་གསུམ་རྒྱུན་ཆད་མེད་ཅེས་པ་སྟེ།    དངོས་མཚན་ཐམས་ཅད་ཐོག་མར་སྐྱེ། བར་དུ་གནས།  ཐ་མར་འཇིག་པ་སྟེ།  རང་བཞིན་སུམ་ལྡན་བརྒྱུད་པའི་སྣང་བ་དཀར་དམར་གྱི་རིས་ཆགས།   མ་འདྲེས་གཟུགས་སུ་འཕོས་པ་ནི།  དབང་མངོན་ཚད་མས་ཐག་ཆོད་པའི་བཀྲག་འཚེར་གྱི་ཚོར་སྣང་ངོ་མ་གང་ཡིན་དེ་རང་མ་གཏོགས།    སུ་དང་གང་ཞིག་གིས་ཕྱོགས་བཤད་དང་ཁ་སྟོང་རྐྱང་པས་འཐེན་ཕྱོགས་སུ་བསྒྱུར་དུ་མེད་ལ་བཅོས་སུའང་མེད།  དེ་བས་དབང་ཡོད་ཀྱི་རང་འདོད་མི་འགྲོ་ལ། དབང་མེད་ཀྱི་འཁང་རས་ཀྱང་མི་ཕན།    དངོས་ཡོད་རང་ཚུགས་རྗེན་པ་གང་ཡིན་པ་དེ་བཞིན་དུ།   དོན་གྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡང་དེ་ཉིད་ལས་མ་འདས་སོ།།    དེ་བས་ན་རྨོ་བརྐོ་ས་ལ་བྱེད་ཀྱང་ཡོས་ལ་འབབ་རྒྱུ་རྩམ་པ་ཞེས་པའི་དཔེ་ལྟར།        གངས་ཅན་པའི་ཁྱད་ནོར་ནོམ་པ་ཅན་གཡུང་དྲུང་བོན་གྱི་གསུང་རབ་དཔེ་ཚོགས་ཀྱི་སྐོར {ཀུན་སྣང་ཁྱབ་པ} ཞེས་པའི་མཉེན་ཆས་ལམ་ནས་འཛམ་གླིང་ཡོངས་ཀྱི་སྤྱི་ནོར་དུ་སོན་པ་འདི་ནི།  ལས་འབྲས་བསླུ་བ་མེད་པར་ཡིད་ཆེས་ཅན་གྱི་དབང་དུ་བྱས་ན།  རྒྱུ་རྐྱེན་མེད་ཅིང་སྟེས་དབང་སྟབས་འགྲིག་གིས་མ་ཡིན་པར།   འོ་ཅག་གི་ལས་བསོད་སྐལ་པ་ཤིན་ཏུ་ཆེ་ཞིང་།  དེ་ཉིད་དུས་སུ་སྨིན་པའི་རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་ལས་བྱུང་བའི་གོ་སྐབས་བཟང་པོའི་ལས་འཕྲོ་མངོན་དུ་གྱུར་པ་སྟེ།  བསྟན་འགྲོའི་ཕན་རླབས་ཆེ་བའི་ཕྲིན་ལས་རྡོག་པོ།  མིག་མཐོང་ལག་ཟིན་བྱུང་བ་འདི་ནི།  དད་ལྡན་གྱི་དང་བ་འདྲེན་ཞིང་།  འབྱོར་ལྡན་བསོད་ནམས་བསགས་པའི་ཚོགས་ཞིང་ངོ་མ་ཞིག་ཅི་སྟེ་མིན།    གཞན་པ་ཞིག་གི་ངོས་ནས་ཀྱང་བཤད་ན། ལྟོས་མེད་རང་འབྱུང་གིས་ལོ་ཟླ་ནར་སོན་པའི་རྡོ་ཤིང་གི་རྙིང་ཆས་ལྟ་བུ་མ་ཡིན་པར།  གངས་ཅན་མི་རིགས་ཀྱི་རིག་གཞུང་གསོན་ཉམས་དོད་པ།  མི་རབས་དུ་མའི་ཡུན་དུ་དཀའ་ངལ་འདྲ་མིན་གདོང་གཏད་བྱས་པའི་ལངས་ཕྱོགས་གཅིག་གི་ཐོག   སྔ་ཕྱི་རིམ་པར་རྒྱུན་སྐྱོང་བྱས་པའི་སྐད་ཡིག་གི་ཁྱད་ནོར་ད་ལྟ་བར།  འཚོ་བཞུགས་ཐུབ་པའི་བོན་གྱི་གསུང་རབ་སྐོར་འདི་རྣམས། དུས་བསྟུན་བདག་པོ་རྒྱག་མཁན་དངོས་ཀྱི་གོ་སར་ལངས་ཏེ།  ཁ་ལྦུ་སྟོང་སོབ་ཅན་པོ་མ་ཡིན་ཞིང་། གལ་ཆེའི་མི་སྣ་ཆེ་གྲས་ཀྱི་མཛད་པ་མངོན་གསལ་དོད་པོའི་ལག་ལེན།  ཁྱུང་པོ་སྟེང་དགོན་དུ་༧སྐྱབས་རྗེ་མཁན་པོ་འོད་ཟེར་སྦྱིན་པ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་གནང་འོག་ཏུ།      དགོན་གྱི་ལས་འཛིན་དགེ་སློབ་རྣམ་པ་དབུས་པའི་འདུས་སྡེ་སྤྱི་ཡོངས་ཀྱི་མཁྱེན་བརྩེ་ནུས་པ་གཅིག་དྲིལ་གྱི་མཐུ་ལས་བྱུང་བ"གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང"ཚུགས་པའི་བསྟན་དོན་མཛད་པ་འདི་ནི།  བསུབ་དུ་མེད་པའི་བྱས་རྗེས་རྡོ་རིང་གསར་པ་ཞིག་སློང་བ་མ་ཡིན་པའི་རྒྱུ་མཚན་མི་བུ་སུས་ཀྱང་འགོད་དུ་མེད་ཅེས་ཆེད་བརྗོད་ནན་མོ་བྱེད་པ་ཡིན་ལ།  གཤམ་དུ་ལས་དོན་འདིའི་ཐད་མྱོང་ཐོག་གི་གསལ་བཤད་འགའ་གཙོར་འདོན་སྙན་དུ་སྒྲོན་པར་འདོད་དོ།།

༡༽

རྩ་བའི་རྨང་གཞི་འཛིན་སའི་བོན་གྱི་བཀའ་དང་བཀའ་བརྟེན་དཀར་ཆག་སྐོར།   ཀུན་གྲོལ་འཇའ་ཚོན་སྙིང་པོ།   ཀུན་མཁྱེན་ཉི་མ་བསྟན་འཛིན།    བདུད་འདུལ་སྤྲུལ་སྐུ་ཚུལ་ཁྲིམས་དབང་གྲགས  སུ་ལ་སྐལ་བཟང་བསྟན་པའི་རྒྱལ་མཚན།      རྒྱལ་བ་སྨན་རིའི་ཡོངས་འཛིན་ཆེན་མོ་བསྟན་འཛིན་རྣམ་དག་རིན་པོ་ཆེ་བཅས།  ཁོང་རྣམ་པས་མཛད་པའི་དཀར་ཆག་དེ་རྣམས་གཙོས་པའི་མཁྱེན་ལྡན་རྣམས་ཀྱི་དཔེ་ཐོ་ལེའུ་བསྒྲིགས་ཁག་ང་ཚོའི་ལམ་སྒྲོན་རྟེན་གཞི་བྱས་པའི་ཁུལ་དུ་ལགས།      

༢༽

མ་དཔེའི་སྐོར་བོད་ཡུལ་སྟོད་སྨད་གང་སར་གཙོས་པའི་ས་ཕྱོགས་གང་ས་ནས་མཁོ་འདོན་གཡར་ཞུ་དངོས་སུ་ཐུབ་པ་བཀའ་ཡི་སྐོར་དཔེ་རྙིང་པོད་ ༣༠༠ ཙམ་དང་།   གཞན་སོག་སྤྲུལ་བསྟན་པའི་ཉི་མ་རིན་པོ་ཆེའི་བརྟེན་འགྱུར་འཕྲུལ་པར་ཅན།   བླ་མ་ཨ་གཡུང་རིན་པོ་ཆེའི་བཀའ་འགྱུར་འཕྲུལ་པར་ཅན།   བོན་བློན་ནམ་མཁའ་བསྟན་འཛིན་རིན་པོ་ཆེའི་བཀའ་འགྱུར་འཕྲུལ་པར་ཅན།    ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་རིན་ཆེའི་བཀའ་འགྱུར་འཕྲུལ་པར་ཅན༼ཁམས་ཆེན་སོགས་པོད་འགའ་ཙམ་མ་གཏོགས་དབལ་ཁྱུང་དགོན་པའི་བཀའ་འགྱུར་འཕྲུལ་པར་ཡིན༽བཅས་དཔེ་གཞིའི་འབྱུང་ཁུངས་དེ་རྣམས་ཡིན།

༣༽

དཔེ་སྒྲིག་ཚོགས་མིའི་ནང་དུ་བླ་མ་དགེ་བཤེས་དང་སྒྲུབ་ཐོན་པ་གཙོས།  བསྒྲིགས་ཞུས་ཐད་མཉམ་ལས་གནང་མཁན་གྲྭ་བཙུན་བཅུ་ཕྲག་བཞི་ལྔ་ཡས་མས་ཀྱིས་གཙོ་ལས་གནང་ཡོད་པ་སྟེ།    སྤྱི་ལོ་༢༠༠༢་ནས་དབུ་འཛུགས་ཞུས་པ་དང་།   ཁྱད་པར་སྤྱི་ལོ་༢༠༠༦ ནས་ལས་གཞིའི་འཐུས་སྒོ་ཚང་རིམ་དང་བསྟུན།  སྤྱི་ལོ༢༠༡༦བར་དཔེ་ཚོགས་ཞུས་བསྒྲིགས་དང་འགྲེམ་སྤེལ་སོགས་ལས་དོན་ཐད་ནས་གང་ལ་གང་འཚམས་ཀྱིས་སྤྱི་ཚོགས་འཚོ་བའི་ཁྲོད་དུ་བསྟན་པའི་རང་རྐང་རང་གིས་སློང་བ་ལས། ཁེ་ལས་འདུ་འགོད་མིན་པའི་བདེན་ཁ་ལྷང་ལ་བུད་ཡོད།  

༤༽

གོང་དུ་དགོངས་སྐོར་ཞུ་ཡུལ།  ངེས་པ་དོན་གྱི་བསྟན་འཛིན་སྐྱེས་ཆེན་དམ་པ་མཚན་ནས་བརྗོད་པར་དཀའ་ཞིང་། སངས་རྒྱས་མི་གཟུགས་བརྙན་པའི་རྒྱལ་བའི་སྐུ་ཚབ་རྣམ་པར་ཞུས་པ་དོན་བཞིན་འབྱོར་བའི་ཞལ་གསུངས་བདུད་རྩི་ཐིགས་པའི་ཟབ་གདམས་ཁག་ལ།   འོ་ཅག་གི་དད་བརྩོན་དང་ཤེས་རབ་ཐེག་སྟོབས་གང་ཡོད་ཀྱིས་སྤྱི་རྒྱན་བྱས་པས།  དཔེ་ཚོགས་ཞུས་བསྒྲིགས་ཀྱི་བཀོད་པའི་མདངས་དང་ཁ་དོག   ནང་དོན་ཉིང་བཅུད་བཅས་སྤྲས་ཡོད་ལ།   དེ་བས་ལུགས་མཐུན་ཁྲིམས་ལམ་གྱི་སྲང་སྒོ་ཡང་ངེས་པར་འགྲིམ་ཡོད།

༥༽

རྒྱལ་བའི་བཀའ་ཡི་བདག་རྐྱེན་རྫོགས་སངས་རྒྱས་པ་ཡིན་ནའང་རྗེས་འཛིན་བྲིས་པ་སོགས་སོ་སྐྱེ་རང་ཁ་མའི་སྐྱོན་གྱིས་ཆད་འཁྲུགས་མངོན་གསལ་དོད་པོ་ཡོད་རིགས་ལ།  ཞུས་བསྒྲིགས་བྱས་པའི་མྱོང་ཐོག་ནས་ཀྱང་དེ་བཞིན་ཡོད་ངེས་འདུག་པ་དེ་མུར་བཞག་ན་མི་འཚམས་པས།   རྩ་བའི་མ་དཔེ་གཅིག་མ་གཏོགས་མེད་རིགས་ཕུད།   གཉིས་གསུམ་ཡན་ཡོད་པའི་དཔེ་རྒྱུན་མ་འདྲ་བ་ཡོད་པ་རྣམས་ལས་གདམ་གསེས་བྱས་པ་གཅིག   མ་དཔེ་རྩ་འཛིན་བྱས་པ་སོར་བཞག་ཐོག     གཞན་པ་དུ་ཡོད་ཀྱིས་དཔེ་བསྡུར་བྱས་པའི་དགེ་མཚན་གྱིས་རྩ་དཔེའི་ཆད་འཁྲུགས་མངོན་གསལ་ཅན་ལ་ཁ་སྐོང་བྱེད་པའི་རྒྱབ་རྟེན་ཞུས་ཁུལ་ལགས།   འདི་སྐོར་པོད་རེའི་མཇུག་བྱང་དུ་གསལ་བཤད་རེ་ཡོད་པས་ངེས་པར་དུ་མཁྱེན་གལ་ཆེ།    

༦༽

བཀའ་ཡི་དཔེ་ཚོགས་འདིའི་ནང་།  ཀུན་གྲོལ་ལྷ་སྲས་ཀྱི་བཀའ་འགྱུར་ནང་དུ་བཞུགས་པ་ཆ་ཚང་ཡོད་པའི་ཁར།  དེའི་ནང་མེད་པའི་དཔེ་དཀོན་རྙེད་པ་པོད་ཉི་ཤུ་ཡས་མས་ཙམ་ཁ་སོབ་བྱུང་བ་བཅས་པ་པོད་གཟུགས་༢༠༠ ཡོད་ལ།    དེབ་གཟུགས་བྱས་པ་༡༥༠ཅན་དུ་གྲུབ་ཡོད།   སྒྲིག་སྟངས་གོ་རིམ་ཐད་སུ་ལའི་བཀའ་འགྱུར་བཞུགས་བྱང་བརྒྱུད་རིམ་དང་ཅུང་མི་འདྲ་བ་བྱུང་ཡོད་པ་ཡིན།  

༧༽

མ་དཔེ་བཙལ་སྐབས་དབལ་ཁྱུང་དགོན་པའི་བཀའ་འགྱུར་ནང་མ་གཏོགས།  དཔེ་གཞན་མ་རྙེད་པའི་གྲས་འགའ་ཞིག་དོ་ནན་བྱ་དགོས་ཡུལ་སྟེ།      གླིང་གཤེན་བསྐལ་བཟང་སྨད་དུམ།   སྣོད་རྟེན་འབྱུང་བ་ཆགས་འཇིག་གི་མདོ།   རིན་པོ་ཆེ་གཏོར་ཟློག་གི་མདོ།   ཐར་མདོ་གཡུ་ལོ་ཅན།   ཀ་བ་གླིང་དགུའི་ཇ་ཉ་ཏ་གསུམ་གྱི་པོད།   རྫུ་འཕྲུལ་རིག་པ་ཁུ་བྱུག་གི་མདོ།   འདུལ་བ་རྒྱུད་འབུམ།   གསོ་རིག་ཐུགས་འབུམ་མཁའ་སྔོན།    ཀླུ་གཉན་གཏོད་གསུམ་གྱི་འབུམ་ཤུ་བོན་དགེ་བསྙེན་ཅན།    འཕྱོང་ཆེན་དགུ་རྒྱུད།    སྟག་སླག་ཅན་གྱི་ཕུར་པ།   མེ་རིའི་རྒྱུད་བཅས་ཡིན།  དེ་ལུགས་ཀྱིས་གོང་གསལ་དེ་རྣམས་གཙོས་པའི་དཔེ་དཀོན་རིགས་ད་དུང་བོན་པོ་ཡོངས་ཀྱིས་བཙལ་འཚོལ་དགོས་ངེས་ཆགས་ཡོད་དོ།།      

དེ་ལྟར་གོང་གི་དོན་ཚན་དེ་དག་བརྒྱུད་པའི་གནས་སྟངས་དང་འབྲེལ་ཡོད་ཅན།  ང་ཚོའི་བོན་གྱི་གསུང་རབ་དཔེ་ཚོགས་གཅིག་གྱུར་བསྡུ་བསྒྲིག་དང་ཁྱབ་སྤེལ་བྱེད་པའི་དཀའ་ཚེགས་འཕྲང་དུ་གྱར་བ་སྔོན་བྱུང་གོད་ཆག་གི་ཤུལ་དུ་ལུས་ཡོད་ལ།   ངེད་ཞུས་སྒྲིག་པ་ཚོའི་མཁྱེན་དཔྱོད་ཚད་བརྒལ་ཅན་མིན་པ་བཅས། ཁོར་ཡུག་གནས་སྟངས་ལས་བརྒལ་བའི་ལེགས་ཆ་ཐོན་ཐབས་མེད་པས་ན།  ད་ལན་དཔེ་ཚོགས་འདི་ཉིད་མཐའ་ཆོད་ཕུགས་ཕེར་ཀུན་ཀྱིས་བཀུར་འོས་ཞིག་ལ་རེ་བ་བྱེད་ཀྱི་མེད་ནའང། གང་འཚམས་དགེ་ཞིང་མཆིས་པ་གང་དེས།  གཡུང་དྲུང་བོན་གྱི་གསུང་རབ་ཉམས་གསོ་དང། གོང་འཕེལ་འཛིན་སྐྱོང་སྤེལ་བའི་གོ་སྐབས་ཐོག   དཔྱད་གཞིའི་མཐུན་རྐྱེན་ཙམ་ཐུབ་ན་ང་ཚོའི་མ་ཐའི་དམིགས་དོན་གྲུབ་པ་ཡིན་ནོ།།    དེ་ལྟར་དགེ་བ་གང་དེས་གཡུང་དྲུང་བོན་གྱི་བསྟན་པ་ཕྱོགས་བརྒྱར་དར་ཞིང་རྒྱས་ཏེ། མཁའ་མཉམ་སེམས་ཅན་ཐམས་ཅད་རྫོགས་སངས་རྒྱས་པའི་གོ་འཕང་ཐོབ་པར་གྱུར་ཅིག    

འབྱུང་ལྡན་༣༠༡  རབ་བྱུང༡༧ བོད་མེ་སྤྲེལ་ལོ་ཟླ་༦ ཚེས་༢༥   2016/8/27 ཉིན།

གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་བཤེས་མིང་གྲལ་མཐར་འཛིན་པ་ར་མ་ཀུན་བཟང་རྒྱལ་མཚན་འབོད་པ་དེས་མཉེན་ཆས་ཀུན་སྣང་ཁྱབ་པ་སྒོ་འབྱེད་ཐོག ངོ་སྤྲོད་མཚམས་སྦྱོར་ཚུལ་དུ་ཕུལ།། །།